查看原文
其他

འཕངས་བའི་ཕྱིར་མིག་དྲན་པའི་གདུང་བས་བཟི།

👉 爱情孤岛 2020-02-27

འཕངས་བའི་ཕྱིར་མིག་དྲན་པའི་གདུང་བས་བཟི།

རྩོམ་པ་པོ། ཐོག་ལྕེ།

      -------དགའ་ལོ་མའི་ཕྱིར་མིག་གི་འཁྲེང་སེམས།

     ཀྱེ། དགའ་ལོ་མ། སེམས་ཀྱི་ཉིན་སྲིབ་ཏུ་ཁྱེད་ཀྱི་ཞབས་རྗེས་ཀྱིས་ཁེངས་ཤིང་། འཐུང་ན་ཁོག་ཏུ་བསིལ་རློན་གྱིས་ཁྱབ་ཅིང་ངལ་དུབ་ཀྱི་གདུང་བ་རྫོགས་འགྲོ་བའི་རྫ་ཆུའི་ཀློང་རིམ་དུ། ཁྱེད་ཀྱི་སྒྲ་དབྱངས་ཀྱི་འདུ་བྱེད་གར་དུ་འཁྱུག་ཀྱང་རྩེན་པས། དུས་སྐད་ཅིག་ཙམ་དུ་ཡང་། ཡལ་མེད་ཀྱི་དུས་མཚམས་མི་འཇོག་པས། ང་ལ་བག་ལྷོད་པའི་ཞི་གནས་ཀྱི་ལུས་སེམས་ཅིག་དབང་བར་མི་སྟེར། རྒྱུ་འབྲས་ཀྱི་བློ་མིག་རབ་ཏུ་རྣོ་ཞིང་དབལ་ཚ་བའི་ལྷ་ཚོགས་ཀྱེ། བདག་གི་དྲན་པའི་དཀྱིལ་འཁོར་དུ་ཞུགས་པའི་ལྷ་ཚོགས་ལགས། བདག་གི་ཀུན་གཞིའི་རྒྱ་མཚོར་ཁ་བ་འཐིམས་པ་ལྟར་ཡོངས་སུ་འདྲེས་ཤིང་ཁྱབ་པའི་ཁོ་མོ་ནི། མེ་ལོང་དུ་སྡུག་གུར་བཀྲ་བའི་མེ་ཏོག་ལྟར། ཉེ་རེག་གི་ཚོར་བའི་འདུ་བྱེད་ཀྱིས་ཟིན་ཐབས་བྲལ་བས། རྫོགས་རྒྱུ་མེད་པའི་རྨི་ལམ་དང་ལྷ་སྒྲུང་གི་འཇིགས་པས་བདག་གི་ལང་ཚོ་བསྣུབས་འགྲོ་བའི་སྐྲག་སྣང་སྟེར་ཡོང་ལ། ཞེན་ཆགས་ཀྱི་ཞགས་པས་དམ་དུ་འཆིང་བའི་ཁོ་མོ་འདྲེན་བྱེད་ཀྱི་མེ་ལོང་དེ། ངའི་སེམས་བྱུང་གི་བློན་ཚོགས་ལ་བཙན་ཚུགས་ཀྱིས་སིལ་བུར་གཏོར་བའི་ཐབས་བྱུང་མེད་པས། སིལ་བུར་མ་གཏོར་ནའང་མིན་ལ། གཏོར་ནའང་ཐབས་བྱུང་མེད་པར་ལྷག་པའི་ངའི་བརྩེ་དུང་འདི། བར་དོ་འཕྲང་ལམ་ལྟ་བུའི་མནར་གཅོད་ཀྱི་གོ་རིམ་འདི་འདྲ་ཞིག་བརྒྱུད་དགོས་དོན་ག་རེ་ཡིན་ནམ། 

    མདང་ནུབ་ཡང་། ཁྱེད་དང་འབྲེལ་བའི་དོན་ཅི་ཞིག་འབྱུང་རྒྱུ་ཡིན་པའི་སྔ་ལྟས་བཞིན། རྨི་ལམ་དུ་ཁྱེད་ཉིད་འཁོར་ཞིང་བསུབས་ཐབས་མེད་པའི་ཁྱེད་ཀྱི་ཞལ་རིས་བཞད་ཡོང་། སློབ་ཁང་ནས་ཕན་ཚུན་ལ་ལྟ་བར་འཛེམ་དོགས་ཀྱིས་ཁེངས་བའི་ངང་ནས་སློབ་ཁྲིད་ལ་ཉན་བཞིན་པའི་རྣམ་པ་དེ་རྨིས་ཡོང་ལ། སློབ་ཁང་གི་སྒོ་ནང་དུ་འཛུལ་མ་ཐག་ཁོ་བོ་འཚོལ་བའི་མིག་ཟུང་གི་འདབ་མ་རབ་ཏུ་བསྐྱོད་པའི་རྣམ་པ་དེ་ཡང་རྨིས་ཡོང་། ལྷག་ཏུ་སློབ་ཁང་ནས་རྣམ་རྒྱུན་ཕན་ཚུན་ལ་སྨྲ་བ་ཤིན་ཏུ་ཉུང་ཞིང་། ཁ་རེག་གེར་ཕན་ཚུན་གྱི་བྱ་བྱེད་མིག་གིས་འཚོས་ཤིང་ཅི་སྨྲ་ལ་རྣ་བ་བླགས་ཏེ་ཉན་པའི་གྲུང་ཉམས་དེ་རྨིས་པའི་ཟབ་ཚད་ཤིན་ཏུ་བརྗིད་ཅིང་སྟུག རྐྱེན་ཅི་ཞིག་གི་དབང་དུ་ཁྲིད་སོང་བ་ཡིན་པ་མ་ཤེས་མོད། གློ་བུར་དུ་འུ་གཉིས་གཅིག་པུར་འཕྲད་པའི་བར་གླགས་ཅིག་བྱུང་སྟེ། ཁྱོད་ཀྱིས་ང་ཡི་ལག་མགོ་ནས་བཟུང་སྟེ་སློབ་གྲྭའི་ཕྱི་རྒྱབ་ལ་ཁྲིད་སོང་། རི་ངོས་ཀྱི་ཁུག་ཀྱོག་ཡུད་ཙམ་བརྒྱུད་དེ་ཕ་གིའི་རི་ཉག་ཅིག་གི་ལ་རྒྱབ་ལ་ཐོན་ཙ་ན། ཁྱེད་ཀྱིས་མཛུབ་མོ་ཀེར་ཏེ་ཕ་གིའི་གཞིས་ཀ་འདི་ནི་ཁོ་མོའི་ཡིན་པས་ནང་དུ་འགྲོའོ་དགའ་ལོ་ཞེས་ཡང་ཡང་སྨྲ་བའི་ངག་འཇམ་ས་འོག་རི་མོ་འཐག་པའི་སྦྱོར་བ་ཅི་ཡང་བརྩམས། དེ་ནས་ལུས་ནི་ཤིན་ཏུ་ཉེ་ཞིང་འགྲོས་གཤིབས་པའི་ངང་ནས་གཞིས་ཁྱིམ་དུ་འཛུལ་ཞིང་། ཡིད་དང་ངག་ནས་མ་བཅོས་ལྷུག་གེར་འཕྱུར་བའི་ཚིག་གི་བདུད་རྩི་འཐུང་བཞིན་འཐུང་བཞིན་འདས་པ་ན། སྒོ་དང་དྲ་མ་ནས་ཟླ་འོད་འཛག་པའི་འོད་ཀྱི་རབ་སྣང་གིས་འུ་གཉིས་ཕན་ཚུན་གྱི་ངོ་གདོང་གསལ་གྱི་ལེར་འདུག གློ་བུར་དུ། བཟོད་ཐབས་བྲལ་བའི་ཚོར་བའི་ཚ་འདེད་ཀྱིས་སྨྲ་བའི་ངག་སྒོ་ལྷོད་དེ་ལུས་ཀྱི་ཚོར་རེག་རྒོད་པའི་འདུ་བྱེད་ཀྱི་ཀློང་རིམ་གཞན་ཞིག་ལ་ཁྲིད་དེ། ང་རང་གློ་བུར་དུ་གཉིད་ལས་སད་བྱུང་། ཡིན་ཡང་། དངོས་མ་ལྟ་བུའི་རྨི་ལམ་གྱི་བྱུང་བས་ཡུད་ཙམ་ལ་བདེན་སྣང་གིས་ཁེངས་བྱུང་ངོ་། །

    དེ་ནས་ང་རང་མལ་ལས་བླངས་ཏེ། དོན་བྱ་ཞིག་གི་ཆེད་དུ་སྲང་གྲོང་ལ་མཆིས་པ་ཡིན། ལམ་བར་དུ་ཁུག་དམར་གྱིས་དགོས་མཁོ་སྐོང་མི་ཐུབ་པའི་དོན་ཞིག་དྲན་ནས་སྒོར་ཁུག་ནང་ལ་བལྟས་ཀྱང་སྒོར་སིལ་མི་འདང་བས། ཕྱིར་འཁོར་ཏེ་དངུལ་ཁང་དུ་སྒོར་མོ་འགའ་ལེན་དུ་སོང་བ་ཡིན། དེ་ནས་ལམ་ཐིག་དྲང་མོར་དེད་དེ་ཡོང་ཙ་ན། སུམ་མདོ་ཀྱི་ཕ་གི་ནས་ཚུར་ལ། གོ་ལྷམ་སེར་བོ་གྱོན་ཞིང་། ལྭ་རིང་ནག་པོ་དང་ཁ་ཡོལ་གྱོན་པ་མ་ཟད། སྐེ་དཀྲིས་གྱོན་པའི་བུད་མེད་ལོ་ན་ཅུང་རྒན་པ་ཞིག་གི་ལག་ངར་ཁུག་ལ་འཆིང་བའི་བུད་མེད་ཅིག་ཡོང་བཞིན་པ་རིག དུས་དེར་ཉམས་འཇོག་དེ་ཙམ་མ་བྱས་པར་རླངས་འཁོར་ལམ་རྒྱ་ལས་བརྒལ་ནས་བུད་མེད་དེ་དང་ཐག་ཇེ་ཉེར་ཕྱིན། མིག་གི་འཁོར་ཕྱོགས་ཅིག་གིས་བུད་མེད་དེ་སླར་ཡང་རིག་བྱུང་། དུས་དེར་བུད་མེད་དེ་ཐད་ཀའི་དྲང་ཕྱོགས་ཀྱི་ལམ་ཐིག་ལ་མི་བལྟ་བར་མགོ་བོ་སྨད་དེ་ཚུར་ཡོང་བཞིན་པ་ཚོར། གློ་བུར་དུ་ངའི་དྲན་པའི་ཚོར་ཤུགས་ཀྱིས་བུད་མེད་དེ་དགའ་ལོ་མ་ཡིན་པ་ཆུ་ལ་ཆུ་བཞག་པ་ལྟར་བློ་ངོར་ཕབ་ཙ་ན། ང་རང་ཏག་ཏག་གོམས་པ་མང་པོ་ཞིག་མདུན་དུ་བསྐྱོད་ཚར་འདུག རང་དབང་མེད་པར་དགའ་སྐྱོ་འདྲེས་མའི་ཚོར་བའི་སྨུག་ལོང་ཡོངས་སུ་འཁྲིགས་པར་གྱུར་ལ། འགག་ཐབས་བྲལ་བའི་འཁྲེང་སེམས་ཀྱི་ཕྱིར་མིག་ཅིག་ཀྱང་མི་འཕེན་ཐབས་མེད་དུ་གྱུར་ནས། ཁ་ཕྱིར་འཁོར་ནས་ཞིབ་བཤེར་ཅིག་བྱས་དུས་ཏག་ཏག་ངའི་རྒྱབ་ཀྱི་དྲང་ཐད་དུ། མགོ་དཀྲིས་གྱོན་པའི་བུད་མེད་དེའི་གཡས་ཟུར་གྱི་རྒྱབ་ལོག་ནས་ཁ་ཡོལ་གྱོན་པའི་བུད་དེས་ང་ལ་ཕྱིར་མིག་ཡུད་ཙམ་ལ་བསྲིངས་བྱུང་བས། ངས་ལྷག་ཏུ་དགའ་ལོ་མ་མོ་ཉིད་ཡིན་པའི་བདེན་ཁ་ཅི་བས་ཀྱང་བཙན་པ་ཞིག་ཏུ་འདོད་བྱུང་། སྐབས་དེར། ལས་དབང་མིན་ལ། སྟེས་དབང་ཡང་མིན་པའི་ལམ་གྱི་སུམ་མདོ་ཞིག་ནས། ཕན་ཚུན་ལམ་འཕྲད་ཀྱི་དུས་ཚོད་ཅིག་བྱུང་ལ། སྨྲ་བའི་ངག་སྒོ་བསྡམས་ཏེ་ཕན་ཚུན་ལ་འཁྲེང་སེམས་ཀྱི་ཕྱིར་མིག་རེ་འཕངས་ནས་མི་ཚོགས་ཀྱི་ཀློང་དུ་ཡལ་བའི་སྣང་ཚུལ་དེ་ཇི་འདྲའི་ཡིད་ལ་སྡུག་བསྔལ་བ་ཞིག་རེད། ཡང་མིན་ན་ངས་ཁོ་མོ་དྲན་དྲགས་པའི་འཁྲུལ་སྣང་གིས་བསླུས་པའི་དབང་གིས་དེ་རིང་ལམ་གྱི་སུམ་མདོ་ནས་མཐོང་བའི་བུད་མེད་དེ་ཉིད་དགའ་ལོ་མར་འཁྲུལ་སོང་བ་ཡིན་ན་ཐང་མོད། གང་ལྟར་དེ་རིང་གི་དོན་གྱི་བྱུང་བ་འདི་ཡང་ངའི་བརྩེ་དུང་བར་དོ་འཕྲང་ལམ་ལྟ་བུའི་མནར་གཅོད་ཀྱི་གོ་རིམ་ཞིག་གི་ཡན་ལག་གི་ཉིང་ལག་ཅིག་ཡིན་ནོ། །                                                 ཕྱི་ལོ་༢༠༡༨/༣/༥ཉིན་ལ།

ཐོག་ལྕེ། TogJe👈འབྲེལ་ལམ།
གནོན།

    您可能也对以下帖子感兴趣

    文章有问题?点此查看未经处理的缓存